མིང་མེད་སྙན་ངག
མེ་ལྷ་ཆུང་།
དད་པ་ནི་ཆུ་ལོག་ཅིག་དང་འདྲ་བྱུང་ལ།
གློར་གྱིས་རྒྱུག་ཡོང་སྟེ་དེ་ལྟར་མེད་འགྲོའོ།
དད་པ་ནི་འཇའ་ཚོན་དང་ཡང་འདྲ་བྱུང་ལ།
མཛེས་སྡུག་གིས་མངོན་ཡོང་སྟེ་ཡུན་ཐུང་ངང་ཡལ་འགྲོའོ།
ལྷ་ཆེན་ལ་མཇལ་བའི་མགོ་མཇུག་རྩོད་པ་ནི་དད་པ་འཇོག་སྟངས་ཤིག་སྟེ།
འཚང་ནས་བཙིར་ནས་འུར་གྱིས་མཇལ་བ་ནི་ཧམ་ཐོབ་ཀྱི་དད་པ་དེ་ཡིན།
འཚབ་འཚུབ་ངང་ཡོང་སྟེ་རྡུལ་འཚུབ་ངང་ལྷ་མཇལ་ཐོབ་སྟེ།
འཚབ་འཚབ་ངང་ལོག་འགྲོ་བ་ནི་ཆུ་ལོག་རྒྱུག་པ་དང་འཇའ་ཚོན་ཤར་བར་ཇི་འདྲ་མཚུངས་ཨང་།
མང་པོ་མང་པོ་ཞིག་གིས་ད་དུང་མཇལ་བའི་ལྷ་དེས་ཞལ་ངོ་མཐོང་མེད་པ་ཁོ་ཐག་ཡིན།
ཡིན་ཡང་ང་ཚོ་དེ་ལྟར་ཐོན་ཡོང་སྟེ་སླར་ཡང་དེ་ལྟར་ལོག་འགྲོ
དེ་ནི་དད་པ་ཡིན།
༢༠༡༦-༢-༡༢