ཐུབ་བསྟན་འདི་ཉིད་བདག་འཛིན་སྟོར་ཕྱིར་བཟོས༎
འཇིག་རྟེན་ཆོས་ལུགས་བདག་གི་དོན་དུ་བསྐྲུན༎
དམ་ཆོས་ཡིན་ཞེས་སྒྲུབ་ཚད་བདག་གི་དོན༎
མཐའ་མར་གཞོམ་པར་དཀའ་བའི་བདག་ཞིག་རྙེད༎
ཐོག་མ་མེད་ནས་ད་ལ་ཐུག་གི་བར༎
བདག་འདི་གཅེས་པར་སྐྱོང་ལ་ཤིན་ཏུ་གོམས༎
དེ་རིང་བྱམས་དང་སྙིང་རྗེ་ཤེས་རབ་སོགས༎
སྤྱོད་པ་འདི་ཡང་བདག་གི་ཆོ་འཕྲུལ་ཨང་༎
བདག་གི་སེམས་དང་མཐུན་ན་བདེན་ལུགས་དང་༎
བདག་ལ་མ་མོས་ཐམས་ཅད་རྫུན་པར་སྨྲ༎
བདག་མེད་རྟོགས་པའི་ཤེས་རབ་དེ་ཉིད་ཀྱང་༎
བདག་གི་རྣ་བར་སྙན་ན་བཟང་བར་བཤད༎
བཟང་བར་འདོད་ནས་ཡང་དག་ལྟ་བ་བཙལ༎
ཡང་དག་རྙེད་ནས་བརྩོན་པ་ཆེན་པོས་སྒོམས༎
ཀུན་གྱི་འགོང་བོ་བདག་འཛིན་འདི་ཡིན་ཚེ༎
ཚངས་རྒྱ་བའང་ཡོད་ན་བདག་འདི་ཉིད༎
ཐུབ་པའི་བསྟན་པ་ཆོས་ལུགས་ཀུན་ལས་འདས༎
བདག་འདི་འཇོམས་པར་གྱུར་ན་ཐུབ་བསྟན་ཡིན༎
ནམ་ཞིག་བདག་ཉིད་བཟང་འདོད་ངན་འདོད་སོགས༎
བདག་ལྟ་རྩད་ནས་བཅད་ཚེ་ཐུབ་པ་ཡིན༎
/མགོ་ལོག་ཨོ་རྒྱན་ནས།