དྲྭ་སྣང་ཀུན་ཉི། ༼ ཡུལ་ཤུལ།༽
བདེ་ཆེན་རོལ་མོའི་དབྱངས་རྟ་བཀྲོལ་དུས།
གངས་ཅན་པའི་དབང་པོ་དྲག་ཏུ་སྒུལ་ཡོད།
ཁ་བ་ལ་བཞག་པའིི་རྐང་རྗེས་ནི།
འགྱུར་ཁུག་སྟོང་གི་རང་སྒྲ་ཡིན།
དབྱར་དུས་སྐྱེད་ཚལ་གྱི་སྦྲང་བུའི་སྙན་དབྱངས།
སྟོན་དུས་ལོ་དམར་གྱི་ལས་དབང་དམར་པོ།
དགུན་དུས་ཁ་བ་ཡི་མཛེས་སྡུག་རི་མོ།
སོས་ཀའི་རེ་འདོད་ཀྱི་ཉི་གཞོན་དྲོན་མོ།
དེ་དག་ནི་་་ཁྱེད་ཀྱི་བྱང་ཁོག་ན་འཚུབས་པའི་སྒྱུ་རྩལ་ཀྱི་རྣམ་ཤེས་རེད།
རྣམ་ཤེས་དེ་དག་བྲག་ཅ་ལ་ཐིམ་སྟེ་ཧི་མ་ལ་ཡའི་སྙིང་དབུས་ན་འཚོ།
རྣམ་ཤེས་དེ་དག་རླབས་ཕྲེང་ལ་འགྲོགས་ཏེ་གཡུ་ཡི་མཚོ་མོའི་ཕ་མཐའ་ནས་སྐོར།
དེ་ནི་སེམས་པ་དགའ་རོགས་དང་སྡུག་རོགས།
དེ་ནི་མིག་ཆུ་བཞུར་རོགས་དང་འཐག་རོགས།
མུན་པའི་སྣང་བ་དུར་དུ་སྦས་ཏེ་རྣམ་ཤེས་ཕྲ་མོ་མཐོ་སྒང་ན་སིམ་པས།
ཁ་བའི་སྐད་ངག་ནམ་ཡང་ཁ་བའི་རི་ཆུ་དང་ལྷན་དུ་སྲུང་མཁན།
༢༠༡༨-༢-༡༧ཉིན་གྲུབ།