ང་ནི་འུར་ཆ་འཛིན་པ།།
ནོར་བརྒྱའི་གོང་གི་གཤིན་རྗེ།།
ལས་ངན་དུད་འགྲོ་བསྐོར་ལ།།
དམོ་རྡུང་གཏོང་གི་གཤེད་མ།།
མཁྱེན་པའི་ཡེ་ཤེས་མངའ་བའི།།
བརྩེ་ཆེན་བླ་མའི་ཐུགས་ལ།།
འུར་ཆ་འཛིན་པའི་བྱ་ལས།།
མངོན་སུམ་མཁྱེན་གི་འེ་ཡོད།།
ལས་དམན་རྫི་བོ་བདག་ལ།།
སྙིང་རྗེ་མེད་པ་མ་ཡིན།།
དཀྱིལ་གསུམ་སྐྱེས་བ་ཟད་དུས།།
བཟོད་པའི་ལྕགས་ཀྱུ་མ་ཁུགས།།
འུར་ཆས་ཐག་སྒྲ་བྱས་ཚེ།།
འབྲི་མོས་མགོ་བོ་གཡུག་བྱུང་།།
མདའ་མོས་འདྲོགས་པའི་བྱེའུ།།
འདྲ་ལེ་ཡིད་ལ་འཁོར་བྱུང་།།
ནོར་འདི་ཞེ་ནག་བསམ་ནག།
འཚོ་སའི་གནས་ལ་མ་ཆགས།།
འུར་རྡོ་སྟོང་འཕེན་བྱས་པས།།
མཛུབ་མོར་སེར་ཀ་གས་སོང་།།
ནོར་བརྒྱ་རི་ལ་བསྐོར་དུས།།
ཁེར་ཤོར་ཉིས་ཤོར་རྒྱབ་འགྲོ།།
སྟོད་སྨད་བར་ཀྱིས་ཆད་ན།།
སྤྲུལ་བའི་མི་གཉིས་བསམ་བྱུང་།།
རྟ་བོའི་གཡག་ཆེན་ནང་ན།།
ཚིག་གསུམ་བཤད་སའི་མྱི་མེད།།
མི་མེད་དབེན་པའི་ཁུགས་ནས།།
ཁེར་བཤད་ལྡབ་ལྡིབ་ལོབ་ཐ།།
ནོར་འདི་ལན་ཆགས་རྒྱུ་རེད།།
དམོ་དམོད་མི་གཏོང་ཐབས་མེད།།
ཡིན་ཡང་འཚོ་བའི་དོན་ལ།།
མི་འཚོ་གཞོལ་ས་ཆེ་ཡོད།།