མ་བཟང་བུ་མོ།
ཁ་བུའི་བུ་མོ།ཁྱོད་དང་ང་།ཁོ་མོ་དང་མོ།མདོར་ན་ཁ་བ་གངས་རིའི་ལྗོངས་ཀྱི་བུད་མེད་རྣམ་པ།ང་ཚོ་ནི་འདས་མ་ད་གསུམ་ཀུན་ནས་ཁྱིམ་ཚང་ཞིག་གི་བདག་མོ་དང་བུ་ཕྲུག་ཅིག་གི་ཨ་མ།ཕ་མ་ཞིག་གི་བུ་མོ།ཁྱོ་ག་ཞིག་གི་ཆུང་མ་ཡིན་པ་རེད།དེའི་ཕྱིར་འདས་སོང་གི་ལོ་ཟླའི་ཁྲོད་ནས་ཨ་མ་དང་ཨ་ནེ།ཨ་ཅེ་རྣམས་པས་ཁ་ཆར་བུ་ཡུག་གི་ཙག་རླུང་གདོང་གིས་བསུས་ཏེ་ཁྱིམ་གཞིས་སྨུག་པོ་ཞིག་གི་འཚོ་བའི་ཆེད་དུ་ནས་འབྲུ་ཞིག་གི་བསགས་འཇོག་དང་སྐུད་སྣེ་ཞིག་གི་ལས་འཕྲོར་འཇུག་སྟེ་ཁྱིམ་གཞེས་དྲོད་མོ་ཞིག་བྱམས་ཀྱིས་བསྐྱང་ཡང་།ང་ཚོ་ལ་ཐོབ་པ་ནི་ལས་དབང་གི་བཙན་གཉོམ་དང་མཐོང་ཆུང་གི་ལྡང་མིག་རེད།ཡིན་ནའང་།འདི་ཚང་མ་ནི་སྒྱུར་དུ་མེད་པའི་མི་རིིགས་ཤིག་གི་གོམས་གཤིས་ཤིག་དང་འདུ་ཤེས་ཤིག སྲོལ་ལུགས་ཁ་ཚ་ཞིག མདོར་ན་ཡོད་ཚད་རང་གི་ལས་དབང་ཞིག་ལ་སྒོམ་ཡོད།དོན་ངོ་མ་དེ་འདྲ་ཞིག་ཨེ་རེད།ང་ཚོས་སྐྱོང་བའི་ལུགས་ཡོད་ཚད་ནི་འགྲོ་བ་མིས་རང་གི་བདེ་བ་ཞིག་གི་ཆེད་དུབཀོད་པ་རེད་མ་གཏོགས་དེ་ནི་གནམ་ས་ཆགས་དུས་ནས་གནས་འདུག་པ་ཞིག་རྩ་བ་ནས་མ་རེད།དེའི་རྐྱེན་གྱིས་ཁྱེད་ཅག་གི་རང་གི་བུ་མོ་དང་ཚ་མོ་རྣམས་ལ་རྗེས་འཇུག་གི་ཡང་འཇུག་བྱེད་དུ་བཅུག་ནས་ཚོར་འདུ་མེད་པའི་ངང་བག་འཁུམ་དོན་ཅི་ཡིན།
རེད་ཡ། དུས་ཚོད་ཀྱི་འཇུག་སྟངས་དང་འཇིག་རྟེན་གྱི་ཆོས་ཉིད་ལས་ང་རང་ཉིད་ཡང་ཁྱེད་ཅག་གི་ལམ་ལ་གནས་སྟེ་སྦྲ་རོག་རོག་གི་རང་གཤིས་མངའ་བའི་འཁོར་བདག་མ་ཞིག་བྱེད་དགོས་པ་ལས་དབང་ངོ་མ་རེད།ཡིན་ནའང་།ངའི་ཆེས་མྱོང་མི་འདོད་པ་དང་འདང་མི་ཕོག་ས་ཞིག་ཡོད་པ་ནི་ང་ཚོས་ཅི་ཞིག་ཕུལ་ཕུལ་བའི་མཐའ་མར་སྤྱི་ཚོགས་ཀྱིས་ང་ཚོར་མཐོང་ཆུང་དང་དམའ་འབེབ་བྱེད་པའི་རྣམ་པ་དེ་རེད།དེ་ནི་ཅི་ཞིག་གི་ཕྱིར་རེད།ང་ཚོས་ལྷག་བསམ་གྱི་མ་འདང་བ་རེད་དམ་ངལ་རྩོལ་གྱིས་མ་འདང་བ་རེད།དེ་ནི་གནད་དོན་ནང་གི་གནད་ཅིག་ལ་འགྱུར་འདུག
སྤུན་གྲོགས་ཚོ་འདང་ཞིག་རྒྱོབས་དང་།གལ་ཏེ་ང་ཚོར་རང་ལ་དབང་བའི་ཕུགས་བསམ་ཞིག ཕུགས་བསམ་ལས་འཕྲོས་པའི་བསམ་གཞིག་ཅིག བསམ་གཞིག་ལས་འཕྲོས་པའི་འགྱུར་མེད་ཀྱི་བརྩོན་སེམས་ཤིག་ཡོད་རྒྱུ་ན་ང་ཚོའི་ལས་དབང་ལ་འགྱུར་ལྡོག་ག་འདྲ་ཞིག་ཡོད་སྲིད།དེའི་ཕྱིར་ང་ཚོ་སད་རན་རེད་ཡ། ང་ཚོ་རང་གི་ལས་དབང་གི་ཆེད་དུ་སད་རན་རེད།ང་ཚོས་རང་གི་བུ་ཕྲུག་ལ་སློབ་སྟོན་ཡག་པོ་ཞིག་གཏོང་བའི་ཆེད་དུ་སད་རན་རེད།ང་ཚོས་རང་གི་ཕ་མར་ཞབས་ཏོག་ཡག་པོ་ཞིག་སྒྲུབ་པའི་ཆེད་དུ་སད་རན་རེད།ང་ཚོས་རང་གི་ཁྱོ་གའི་འགྲམ་ནས་ངོ་གནོང་མི་དགོས་པའི་མི་ཞིག་ལ་ཡོད་འོས་པའི་རྩིས་ཐང་ཞིག་གི་ཆེད་དུ་སད་རན་རེད།དེ་ན་ང་ཚོ་ཅི་ལྟར་བྱས་ནས་སད་དགོས་པ་རེད།ང་ཚོའི་རང་གི་ལྷག་བསམ་དང་རྩོལ་བ་སྔ་མོ་ནས་ཞུམ་པ་མེད་པར་ཕུལ་ཡང་མཇུག་འབྲས་ཉག་ཕྲ་སོང་།ད་གང་ལྟར་བྱས་ན་འགྲིག་འདུག རང་གི་ལས་དབང་ལ་རང་གིས་བདག་པོ་རྒྱབ་ན་ཅི་ལྟར་རེད།ཤེས་བྱའི་གནས་ལྔ་འགྲིམས་ན་ཅི་ལྟར་རེད།རང་ལ་ཕུགས་བསམ་བསྐྲུན་ན་ཅི་ལྟར་རེད།མི་གཞིའི་རྩིས་ཐང་བརྩོན་ན་ཅི་ལྟར་རེད།བརྩོན་བརྩོན་ནས་སད་རན་རེད།སད་སད་ནས་ལངས་རན་རེད།སྤུན་མོ་རྣམ་པ་ང་ཚོ་སྒང་ལ་བུད་ནས་མཉམ་དུ་བལྟས་ན་ཐད་ལ་འཕུར་བའི་གནམ་གྲུ་དེའི་ཁ་ལོ་ཨ་ཅེ་འབྲོག་མོས་ཀྱང་བྱས་ཆོག་པ་རེད།
བུད་མེད་དུས་སྟོན་ནམ་དཔལ་ལྷའི་དུས་སྟོན་གྱི་ཉིན་མོ་འདིར།དགའ་བ་གཟེངས་སུ་འབྲེལ་བའི་སྙིང་སྡུག་མ་ཚོར་ལྷག་བསམ་གཙང་མའི་ཡར་འགྲོ་ལྷ་དར་ཞིག་གི་ཚབ་ཙམ།
2015.9.21.00:00