ཁ་སང་རི་མགོ་དེ་ནས་ཡལ་སོང་བ་དེ་ཨང་ཀི་དྲུག་པ་རེད། དེ་རིང་རི་རྩེ་འདི་ནས་ཤར་ཡོང་བ་འདི་ཨང་ཀི་བདུན་པ་རེད། ཁ་སང་དང་དེ་རིང་བར་ནས་བརླགས་སོང་བ་དེ་ཁྲག་དབུགས་སྒམ་གང་རེད། མཐོ་ས་རུ་ཡར་འཛེགས་སོང་བ་དེ་ངའི་བྱ་རྒྱལ་རེད། དམའ་ས་རུ་མར་ལྷུང་སོང་བ་དེ་ངའི་གྲིབ་ནག་རེད།
མི་ཞིག་པུས་བཙུགས་ཀྱིས་བསྡད་འདྲའི་དབྱིབས་དེ་སྤུར་རྗེས། འཁྱག་ལྷང་ལྷང་དང་འུར་ཟིང་ཟིང་གི་མགྲོན་ཁང་འགྲམ་དུ། ས་དཀར་གྱིས་རི་མོ་བྲིས་པ་དང་ཕྱོགས་ཕྱོགས་མཚུངས་པའི། ཁ་བ་དཀར་ལ་ལྷོད་ཆགས་པ་དག་གཅལ་དུ་བཀྲམ་འདུག
ཡིན་ནའང་། དེ་རིང་གི་བར་སྣང་འདིས་གསར་བརྗེ་བྱས་སོང་། ཞེང་ཚད་མི་ཆེ་བའི་སྒེའུ་ཁུང་གཉིས་ནས་ཉི་འོད་བརྐྱངས་ཏེ། ཁ་སྣ་མི་གསལ་བའི་བདག་གི་མགོ་རིས་གྱང་ལ་སྦྱར་ལུགས་ཀྱིས། ངའི་ཀླད་པའི་མ་ལག་གང་ཞིག་ལ་བསྒྱུར་བཅོས་བྱ་བ་དང་འདྲ།
རྗེས་འདེད་མི་ནུས་པའི་དུས་ཀྱི་འཁོར་ལོ་ལ། ངས་སྐར་མ་རེ་རེར་མིག་མདའ་རེ་རེ་འཕངས་ཏེ། གེ་སར་གྱིས་གུར་དཀར་ལ་གཉའ་རྒ་གཏད་པའི་ཉིན་མོ་དེའམ། ཧང་གོའི་(韩国)གློག་བརྙན་ནང་གི་འཕྲུལ་བ་དེ་འདྲ་ཞིག་ཨེ་རག་སྙམ།
མཚམས་འདིར་ཕྱི་ཟླ་དགུ་པ་དྲན་པས་ཟིན་སོང་། ལྷ་ནི་མཐའ་གཅིག་ཏུ་ཁྱོད་སྐྱོབ་པའི་ཕྱིར་ཕེབས་པ་ཡིན་བསམ་ན་འཕྱུག་ཡོད་པ་གཏན་ཁེལ་ཏེ། བདག་གི་མིག་མདུན་ཕེབས་པའི་ལྷའི་ཕོ་ཉ་(天使)དེས་ནི། བློ་སྙིང་བྲང་གསུམ་ལ་རྨ་ཁ་ནག་པོ་གཏོད་དེ་གཤེགས་སོང་བ་མ་རེད་དམ། ཨ། ཡང་ན། ངའི་ལས་ཀྱི་ལྷག་མ་ལ་དག་ཁྲུས་བྱས་པ་ཨེ་ཡིན་ནམ།
ད་ནི་ངས་མེ་ཏོག་འགའ་གཏོར་བར་བྱ། ཐོད་པ་ལ་འོད་དཀར་པོ་འཁྱིལ་ཆོག་པའི་མེ་ཏོག་ཚོམ་བུ་གཅིག སྙིང་ག་རུ་ཟེའུ་འབྲུ་སྙི་མོ་འབུས་ཆོག་པའི་མེ་ཏོག་ཚོམ་བུ་གཅིག མགྲིན་པ་རུ་བདུད་རྩི་ཤ་སྟག་འབྱར་ཆོག་པའི་མེ་ཏོག་ཚོམ་བུ་གཅིག སྤྱན་རྩ་ལ་དཀར་ནག་མ་འདྲེས་འབྱེད་ནུས་པའི་མེ་ཏོག་ཚོམ་བུ་གཅིག་བཅས། སྲོག་ཆགས་ཀུན་གྱི་ཆེད་དུ་གཏོར་བྱ། ལྷག་ཏུ་རང་གི་ཆེད་དུ་རང་ལ་གཏོར་བྱ། གཞན་གྱི་ཆེད་དུའང་རང་ལ་གཏོར་བར་བྱའོ།།
2017-1-1……༢༡༤༣-༡༡-༣ཉིན།