གང་ལྟར་ལྷོ་ཕྱོགས་མ་ལ་ཡ་ནི་སྔོན་ཙན་དན་གྱི་ནགས་ཚལ་ཡོད་པའི་རི་བོ་ཞིག་སྟེ། གནའ་བོའི་སྐབས་རི་དེ་ལས་རླུང་གིས་ཙན་དན་གྱི་དྲི་བསུང་ཕྱོགས་ཀུན་བསྐྱོད་པའི་སྣང་ཚུལ་གྱིས་མི་རྣམས་ལ་ངོ་མཚར་ཞིང་ཡིད་དབང་འཕྲོག་པའི་ཚོར་སྣང་སྟེར་གྱི་ཡོད་པས། ཆོས་གཞུང་དང་སྙན་ངག་སོགས་སུ་རི་བོ་མ་ལ་ཡར་བསྔགས་བརྗོད་དང་ཆེ་བསྟོད་སོགས་མང་དུ་མཛད་ཡོད་ལ་། ལྷོ་ཕྱོགས་མ་ལ་ཡ་ཞེས་ཀུན་ལ་རླུང་ལྟར་གྲགས།
ས་སྐྱ་ལེགས་བཤད་ལས་ཀྱང་།།
རྟག་ཏུ་དམ་པའི་ཡོན་ཏན་རྣམས།།
སྐྱེ་བོ་དམ་པས་ལྷག་པར་སྒྲོགས།།
མ་ལ་ཡ་ཡི་ཙན་དན་དྲི།།
རླུང་གིས་ཕྱོགས་བཅུར་རྒྱས་པར་བྱེད།།
ཅེས་དོན་གསལ་བྱེད་ཀྱི་དཔེའི་སྒོ་ནས་རི་བོ་མ་ལ་ཡའི་རང་བཞིན་ལྷན་སྐྱེས་ཀྱི་ཆ་གསལ་བར་བསྟན་ཡོད་པ་བཞིན་ནོ།།
རི་བོ་དེ་ཉིད་དེང་སང་རྒྱ་གར་ལྷོ་ཕྱོགས་(karnataka)ཀར་་ན་ཊ་ཀ་མངའ་སྡེའི་ཁོངས་(mysuru)མེ་སོར་གྲོང་ཁྱེར་གྱི་ནུབ་་ཕྱོགས་སུ་ཡོད་ཅིང་། རི་འདབས་ནས་ཐོག་ཁེབས་ཀྱི་ལྷ་ཁང་གསར་དུ་བཞེངས་པའི་རྡོ་ཡི་སྒོ་ཆེན་རྙིང་པ་ཞིག་ཡོད་པ་ལས་ཆས་ཏེ། མཚམས་མཚམས་སུ་རྡོའི་སྒོ་རེ་བསླངས་པའི་གནའ་་ཤུལ་གྱི་རྡོ་སྐས་རིང་མོ་ཞིག་བརྒྱུད་དེ་བསྐྱོད་ན་རི་རྩེར་སླེབས་ཐུབ། རི་བོ་དེ་དཔང་མཐོ་གཡང་གཟར་མིན་ནའང་། རི་ཡི་རྩ་བ་བརྐྱངས་པའི་བརྒྱུད་དུ་རི་དེའུ་དང་སུལ་མ། བྲག་རི། ཤིང་རིགས་སྣ་ཚོགས་འཛོམས་ཤིང་། རི་རྩེ་བར་དུ་བསྐྱོད་པར་ཅུང་ཐང་ཆད་ཀྱི་ངལ་བ་སྟེར།
<<ཐང་ཟན་ཙང་གི་ལམ་ཡིག་>>ཏུ། རི་རྩེ་ན་སྤྱན་རས་ཀྱི་ལྷ་ཁང་ཞིག་ཡོད་པར་གསུངས། དེང་ཡང་རི་རྩེ་ན་ཞིག་རལ་གྱུར་པའི་ལྷ་ཁང་རྙིང་གོག་ཅིག་འདུག་མོད། འོན་ཀྱང་ཐང་ཟན་ཙང་རྒྱ་གར་དུ་ཕེབས་པའི་སྐབས་དེ་ཙམ་ནས། ད་ལྟའི་བར་ལོ་ངོ་ཆིག་སྟོང་སུམ་བརྒྱ་བརྒྱད་ཅུ་ལྷག་འགོར་ཡོད་པའི་རིང་ཆག་འཇིག་སོགས་འགྱུར་ལྡོག་གི་གནས་རིམ་མང་པོ་ཞིག་བརྒྱུད་ཡོད་པས། དེང་གི་ཆར་ཐང་ཟན་ཙང་གིས་གསུངས་པའི་སྤྱན་རས་གཟིགས་ཀྱི་ལྷ་ཁང་དེའི་ཤུལ་འདི་ཡིན་དེ་ཡིན་གྱི་ངོས་འཛིན་དང་ཁ་ཚོན་སུ་ཞིག་གིས་གཅོད་ཐུབ།
ལྟོས་ཚོད་ཀྱིས་རི་ངོས་ཀྱི་རྡོ་སྐས་དང་ལྷ་ཁང་སོགས་ཀྱི་སྟེང་བརྐོས་པའི་རི་མོ་དང་སྐུ་བརྙན། དེ་མིན་རྡོ་བས་བཟོས་པའིི་གླང་གོག་གི་གཟུགས་བརྙན་སོགས་ལས་རྗེས་ཤུལ་དེ་དག་སྔར་ཧུན་རྡི་ཆོས་ལུགས་དར་ཁྱབ་ཆེ་སྐབས་འཛུགས་སྐྲུན་བྱས་པའི་ཤུལ་དུ་སྣང་ངོ།།
འགར་ཚེ་རྒྱལ་གྱིས།